ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༢༠

རྒྱན་ར་དམར་པོ་ཞེས་པའི་དེབ་ཀྱི་རྩོམ་པ་པོས་རྒྱན་གྱི་ཇུས་འགོད་པ་ནི་དམར་ཤོག་ཚོགས་པ་རེད་ཅེས་ཉེན་བརྡ་བཏང་འདུག


རྒྱན་ར་དམར་པོ་ཞེས་པའམ་དབྱིན་སྐད་དུ་Red Roulette ཞེས་པའི་དེབ་ཀྱི་རྩོམ་པ་པོ་ཧྲེན་ཏུང་སྤྱི་ཟླ་༧ པའི་ཚེས་༡༣ ཉིན་གྱི་དགོང་དྲོར་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་དམིགས་གསལ་ལས་དོན་ལྷན་ཚོགས་ཀྱི་ཉན་ཞིབ་ཚོགས་འདུའི་ཐོག་ལ་ཆེད་བཅར་ཀྱིས། དེང་སྐབས་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་ཁེ་ལས་པ་ཚོར་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པའི་སྐོར་དང་། དེ་བཞིན་རྒྱ་ནག་ཏུ་ཚོང་ལས་གཉེར་བའི་ངོ་བོ་དང་དེའི་ཁྲོད་ནས་བླངས་པའི་ཡིད་སྐྱོ་བའི་ཉམས་མྱོང་དེ་དག་སོ་སོ་སྒེར་གྱི་མི་ཚེའི་གཏམ་རྒྱུད་གསུམ་དང་འབྲེལ་ནས་གསོན་ཉམས་དོད་པོས་འགྲེལ་བརྗོད་བྱས་ཡོད་པས། གྲོས་ཚོགས་འཐུས་མི་འགས་རྒྱ་ནག་གི་ཁྲོམ་ར་ཆེན་པོ་དེར་གཞན་སེམས་འགུག་པའི་ནུས་པ་ཡོད་པའི་འཁྲུལ་སྣང་ཞིག་ཡོང་གི་ཡོད་ཀྱང་། ད་ནི་ཨ་རིའི་ཁེ་ལས་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་ངོ་གདོང་ངོ་མ་དེ་གསལ་པོ་ཤེས་རྟོགས་བྱ་དགོས་པའི་དུས་ལ་བབས་འདུག་ཅེས་ཉེན་བརྡ་བཏང་གནང་འདུག

རང་ལོ་༥༥ ཡིན་པའི་རྒྱ་མི་ཚོང་པ་གྲགས་ཅན་ཧྲེན་ཏུང་གིས་ཉན་ཞིབ་ཚོགས་འདུའི་ཐོག་ལ་བརྗོད་དོན། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་ཁེ་ལས་པ་ཚོ་མི་གཏའ་བཞག་ནས་དགོས་པ་ཡོད་དུས་བེད་སྤྱོད་གཏང་ཆོག་ཆོག་ཡིན་པ་དང་། རྒྱན་གྱི་ཇུས་འགོད་པ་དེ་ནམ་ཡིན་ཡང་རྒྱ་ནག་དམར་ཤོག་ཚོགས་པ་ཡིན་པ་དེ་ནི་ངའི་མི་ཚེའི་ནང་ཐོབ་པའི་ཚོང་ལས་སྐོར་གྱི་བསླབ་བྱ་དང་པོ་དེ་ཡིན་ཞེས་དང་། རྒྱ་ནག་ཏུ་ཚོང་ལས་འགྲན་རྩོད་བྱེད་པར་དྲང་བདེན་གྱི་ཁོར་ཡུག་ཅེས་པ་ཞིག་གཏན་ནས་མེད་ཅིང་། གལ་སྲིད་ཁྱོད་རྒྱ་ནག་གཞུང་ལ་དགོས་མཁོ་ཡོད་པ་གང་ཞིག་ལ་ཁྱོད་ཀྱང་རྒྱ་ནག་གཞུང་ལ་བསྟུན་ཤེས་མཁན་ཞིག་ཡིན་ན་ཁྱོད་ལ་ཚོང་གི་ཁེ་ཕན་ཡོད་པ་རེད། དེ་མིན་རྒྱ་ནག་གཞུང་ལ་མཁོ་དགོས་མེད་པ་དང་ཡང་ན་གཞུང་ལ་བསྟུན་མཁན་བྱེད་མི་ཤེས་མཁན་ཞིག་ཡིན་ཚེ་ཁྱོད་རང་རྩ་མེད་དུ་འགྲོ་རྒྱུ་ཉག་ཅིག་ལས་ལམ་ཁ་གཞན་པ་གང་ཡང་མེད་པ་དེ་བསླབ་བྱ་གཉིས་པ་དེ་ཡིན། དེ་བཞིན་རྒྱ་ནག་ནང་ཡོད་ཚད་ཆབ་སྲིད་ཀྱིས་ཁ་ལོ་སྒྱུར་གྱི་ཡོད་པ་དང་། ཁྲིམས་སྐྱོང་ཞེས་པ་རྩ་བ་ཉིད་ནས་མེད་པར་རྒྱ་ནག་གི་ཁྲིམས་ཞེས་པ་དེ་ནི་དོན་དམ་ལ་རྒྱ་ནག་དམར་ཤོག་ཚོགས་པས་སྟངས་འཛིན་འོག་ཚུད་ཀྱི་ཡོད་ཅིང་། ཞི་ཅིན་ཕིང་མི་སྒེར་གྱི་དབང་ཐང་དེ་དམར་ཤོག་ཚོགས་པ་དང་རྒྱལ་ཁབ་ལས་བརྒལ་ཡོད་པ་རེད། དེ་ནི་རྒྱ་ནག་ནང་ནས་བླངས་པའི་མི་ཚེའི་བསླབ་བྱ་གསུམ་པ་དེ་ཡིན་ཞེས་བརྗོད་འདུག

དབྱིན་ཇིར་གནས་བཞུགས་ཚོང་པ་ཧྲེན་ཏུང་ནི་རྒྱ་ནག་གི་ཆབ་སྲིད་པ་ཚོ་དང་འབྲེལ་བ་ཆེན་པོ་ཡོད་པའི་ཚོང་པ་གྲགས་ཅན་ཞིག་ཡིན་ཞིང་། ཁོང་གི་བཟའ་ཟླ་སྔ་མ་ཏོན་ཝེ་ཧུང་དང་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བློན་ཟུར་པ་ཝེན་ཅཱ་པའོ་ཡི་ཁྱིམ་རྒྱུད་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། ཚོང་པ་ཧྲེན་ཏུང་ནི་དེ་སྔར་རྒྱ་ནག་ནང་གི་མིག་དཔེ་བཟང་པོའི་ཁེ་ལས་པའི་གཟེངས་རྟགས་ཐོབ་མྱོང་ཡོད་པར་མ་ཟད། པེ་ཅིང་གི་ཆབ་སྲིད་གྲོས་མོལ་ལྷན་ཚོགས་ཀྱི་ཚོགས་མིའི་གོ་གནས་བཞེས་མྱོང་བ་ཞིག་རེད། རྒྱ་ནག་དམར་ཤོག་དཔོན་རིགས་ཚོ་དང་འབྲེལ་ལམ་དམ་ཟབ་ཡོད་པའི་རྐྱེན་གྱིས་ཧྲེན་ཏུང་གི་ཚོང་ལས་ཡར་རྒྱས་ཤུགས་ཆེ་ཕྱིན་ཡོད་ཀྱང་། ཞི་ཅིན་ཕིང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཆགས་རྗེས་རྒྱལ་ཁབ་དང་ཁེ་ལས་ཁག་ལ་དམ་དྲག་ཆེ་རུ་བཏང་ཡོད་སྟབས། ༢༠༡༥ ལོར་ཧྲེན་ཏུང་རྒྱ་ནག་ནས་དབྱིན་ཇིར་གནས་སྤོས་བྱས་ཡོད་པ་རེད། དེ་ནས་ལོ་གཉིས་ཀྱི་རྗེས་སུ་སྐབས་དེ་དུས་ཀྱི་ཁོང་གི་བཟའ་ཟླ་ཏོན་ཝེ་ཧུང་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཧྲེན་ཏུང་གིས་ཨ་རིའི་གྲོས་ཚོགས་ར་བའི་ནང་། ༢༠༢༡ ལོར་ཁོའི་དཔེ་དེབ་རྒྱན་ར་དམར་པོ་ཞེས་པ་པར་སྐྲུན་མ་བྱས་གོང་ཙམ་ལ་གཞི་ནས་ཁོ་ལ་འབྲེལ་བ་བྱས་ནས་དེབ་དེ་པར་སྐྲུན་མ་བྱོས་ཞེས་བརྗོད་ཡོད་པས། ཁོ་མོ་ནི་རྒྱ་ནག་དམར་ཤོག་ཚོགས་པས་བཀག་སྐྱིལ་བྱས་ཡོད་པ་གསལ་པོ་རེད་ཅེས་བརྗོད་འདུག

གཞན་ཡང་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་ཁེ་ལས་པ་ཚོའི་ཉེན་ཁ་དོ་དམ་ཞབས་ཞུ་བཟོ་ཚོང་ཁང་ཐབས་ཇུས་ཉེན་ཁ་ཞེས་པའམ་དབྱིན་སྐད་དུ་Strategy Risks ཞེས་པའི་འགན་འཛིན་ཕི་ཕེར་ལོན་སི་བྷུར་རེ་Piper Lounsbury ལགས་ནས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཉམས་ཞིབ་ཁང་China Beige Book International ཞེས་པའི་འགན་འཛིན་ཞེ་ཟེ་ཌི་ཁཱ་ཟི་Shehzed Qazi གཉིས་ཀྱང་ད་རེས་ཀྱི་ཉན་ཞིབ་ཚོགས་འདུའི་ཐོག་མཉམ་བཞུགས་གནང་སྟེ། ཧྲེན་ཏུང་གི་བརྗོད་ཚུལ་བདེན་པ་ཡིན་པར་ར་འཕྲོད་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པས་ཨ་རིའི་ཁེ་ལས་པ་དང་མཛད་སྤྱོད་པ་ཙམ་གྱིས་མི་ཚད་པར། ཐ་ན་ཨ་རི་བ་ཡོད་ཚད་ལ་ཚོང་གི་ཁོར་ཡུག་ཉེན་ཁ་ཅན་ཞིག་སྐྲུན་བཞིན་ཡོད་པ་རེད། རྒྱ་ནག་དམར་ཤོག་གིས་ཨ་རིའི་འཕྲུལ་རིག་ལག་རྩལ་དང་ཤེས་རིག་བདག་དབང་། གཞི་གྲངས་སོགས་རྐུ་ཁྱེར་བྱ་རྒྱུའི་ཆེད་དུ་གཞུང་གིས་དམིགས་གསལ་གྱི་ཐབས་ཇུས་གཏན་འབེབས་བྱས་ཡོད། ཨ་རིའི་བཟོ་ཚོང་ཁང་དང་ཁེ་ལས་ཡོད་ཚད་རྒྱ་ནག་གིས་ཚབ་བྱེད་ཨེ་ཐུབ་བལྟ་རྒྱུ་དེ་ནི་ཁོ་ཚོའི་མཐར་ཐུག་གི་དམིགས་ཡུལ་རེད་ཅེས་ཉེན་བརྡ་བཏང་གནང་འདུག

རྒྱ་ནག་གཞུང་གིས་གསར་དུ་གཏན་འབེབས་བྱས་པའི་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་ཁྲིམས་ཞེས་པ་སྤྱི་ཟླ་༧ པའི་ཚེས་༡ ཉིན་ལ་དངོས་སུ་ལག་ལེན་བསྟར་འགོ་ཚུགས་ཡོད་པ་དང་། ད་ལོའི་ལོ་སྟོད་ཙམ་ལ་རྒྱ་ནག་གཞུང་གིས་ཨ་རིའི་བཟོ་ཚོང་ཁང་Mintz Group ཞེས་པ་དང་། Bain & Company དང་Capvisio བཅས་ལ་སྔ་རྗེས་སུ་ཞིབ་བཤེར་བྱས་ཡོད་པས། གནས་ཚུལ་དེ་ལ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཆ་ནས་དོ་སྣང་ཆེན་པོ་སླེབས་ཡོད་པ་རེད།

ཡང་ད་རེས་ཀྱི་ཉན་ཞིབ་ཚོགས་འདུའི་ཐོག། ཨ་རིའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་ད་ལྟ་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་ཁེ་ལས་ཚོ་ལ་ནང་ཁུལ་དམར་ཤོག་ཚོགས་ཆུང་གསར་འཛུགས་བྱེད་བཞིན་པའི་ཐད་བློ་འཚབ་ཡོང་གི་ཡོད་པ་དང་། གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱི་འགན་འཛིན་མཱེ་ཁེ་གྷ་ལེ་གྷར་Mike Gallagher ལགས་ནས་ཨ་རིའི་ཁེ་ལས་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་ཉེན་ཁ་དེ་ལ་ཤེས་རྟོགས་ཡོང་གི་ཡོད་པ་རེད། དཔེར་ན་ཀུ་ཤུ་བཟོ་ཚོང་ཁང་གིས་ལྷུ་ལག་བཟོ་ས་མང་པོ་ཞིག་རྒྱལ་ཁབ་གཞན་དུ་གནས་སྤོ་བཞིན་པ་རེད། ཡིན་ན་ཡང་དེ་ལ་དུས་ཚོད་ཡུན་རིང་པོ་དགོས་ཀྱི་རེད། ཡང་ཨ་རིའི་མ་རྩ་ལས་ཁུངས་འགའ་ཤས་ཤིག་གིས་ད་དུང་རྒྱ་ནག་དེ་བཞིན་སྔ་མ་ནང་བཞིན་ཆགས་རྒྱུར་རེ་ལྟོས་བྱེད་ཀྱི་ཡོད་པ་རེད། དེ་ལ་བློ་འཚབ་ཡོད། གྲོས་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་མ་རྩ་འཛུགས་འཇོག་ཐད་བཀག་སྡོམ་གྱི་ཁྲིམས་འཆར་གཏན་འབེབས་ལ་སོགས་པ་ཐབས་ལམ་སྣ་ཚོགས་ཤིག་ལག་ལེན་བསྟར་དགོས་ཀྱི་འདུག ཨ་རིའི་ཁེ་ལས་པ་དང་མ་རྩ་འཛུགས་འཇོག་བྱེད་མཁན་ཚོས་རྒྱ་ནག་དམར་ཤོག་ཚོགས་པ་ལ་ལྟ་བའི་མིག་ཤེལ་སེར་པོ་དེ་མར་འབུད་རན་པའི་དུས་ལ་བབས་འདུག་ཅེས་གསུངས་འདུག ཚོང་པ་ཧྲེན་ཏུང་གིས་བརྗོད་དོན་ལ། ༢༠༡༢ ལོར་རྒྱ་ནག་ཏུ་ཡོད་པའི་ཁེ་ལས་བརྒྱ་ཆའི་༥༣ ཙམ་གྱི་ནང་དམར་ཤོག་ཚོགས་པའི་ཚོགས་ཆུང་བཙུགས་ཡོད་པ་དང་། དེ་ནས་ལོ་གསུམ་ཕྱིན་པའི་རྗེས་ཏེ་༢༠༡༥ ལོར་བརྒྱ་ཆའི༧༣ ལ་འཕར་ཡོད། དོན་དམ་ལ་དེ་ནི་ཞི་ཅིན་ཕིང་གིས་སོ་སོའི་དགྲ་ཁ་གཏད་དང་མི་དགའ་ས་ཡོད་ཚད་ལ་རྡུང་རྡེག་གཏོང་ཐབས་ཤིག་རེད་ཅེས་བརྗོད་འདུག

གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱི་དབུ་བཞུགས་དམངས་གཙོ་ཚོགས་པའི་འཐུས་མི་རཱ་ཇཱ་ཁེ་རི་ཞི་ནཱ་མོར་ཐི་Raja Krishnamoorthi ལགས་ནས་ཀྱང་ཨ་རིའི་གཞུང་གིས་ཨ་རིའི་ཁེ་ལས་ཚོ་རང་ཡུལ་དུ་ཕྱིར་ལོག་ཡོང་ཐབས་ཐད་སྐུལ་མ་གཏང་དགོས་པ་དང་། རྒྱ་ནག་གི་ཕུགས་འདུན་ཞེས་པ་དེ་ཞག་གཅིག་གི་རྗེས་ལ་རྒྱ་ནག་གི་རྨི་ལམ་ངན་པ་ཞིག་ཏུ་འགྱུར་སྲིད་པ་རེད་ཅེས་ཉེན་བརྡ་བཏང་གནང་འདུག

མཐའ་དོན་ལ་ཚོང་པ་ཧྲེན་ཏུང་གིས་ཨ་རིས་ངེས་པར་དུ་ཁེ་ལས་ཀྱི་ཁེ་ཕན་དང་རྒྱལ་ཁབ་གྱི་ཁེ་ཕན་དེ་གཉིས་ལ་དབྱེ་བ་གསལ་པོ་འབྱེད་དགོས་པའི་འབོད་སྐུལ་དང་བཅས། ཨ་རིའི་ཁེ་ལས་ལ་ཕན་པ་ཙམ་གྱིས་ཨ་རིའི་རྒྱལ་ཁབ་ལ་ཕན་གྱི་ཡོད་པའི་མ་ཁྱབ། དེ་ནི་རྒྱུ་མཚན་ལྟར་སྣང་ཞིག་ལས་ཡང་དག་ཅིག་མ་རེད། ཁེ་ལས་ནི་སོ་སོའི་ཁེ་ཕན་དང་པོར་བཞག་ནས་དུས་ཡུན་ཐུང་ཐུང་ལ་དམིགས་པ་ཞིག་རེད། འདས་པའི་ལོ་བཅུ་གྲངས་འགའ་ཤས་རིང་ལ་ཨ་རིའི་ཚོང་ཟོག་མཁོ་འདོན་རྒྱུན་ཐག་དེ་རྒྱ་ནག་ཏུ་གནས་སྤོས་བྱས་ཡོད་པ་དེ་ནི་དཔེ་མཚོན་གསོན་པོ་ཞིག་རེད། རང་དབང་དམངས་གཙོའི་རྒྱལ་ཁབ་ཚོའི་ནང་། མི་དམངས་ཀྱིས་འདེམས་ཐོན་བྱས་པའི་དཔོན་རིགས་ཚོ་ནི་ད་གཟོད་སོ་སོའི་རྒྱལ་ཁབ་དང་མི་སེར་ཚོའི་ཕུག་རྒྱང་རིང་པོའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་མཁན་དེ་རེད། དཔལ་འབྱོར་གྱི་ཁེ་ཕན་ནི་རྒྱལ་ཁབ་ཀྱི་ཁེ་ཕན་ཡིན་པར་ཡིད་ཆེས་ཡོད། ཨ་རིའི་དཔལ་འབྱོར་གྱི་ཁེ་ཕན་ལ་སྲུང་སྐྱོབ་དང་དེ་བཞིན་འཛམ་གླིང་ཐོག་ཨ་རིའི་དཔལ་འབྱོར་གྱི་གོ་གནས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ནི་རང་དབང་དམངས་གཙོའི་རྒྱབ་ཁབ་ཚོའི་དཔལ་འབྱོར་གྱི་སྒྲིག་སྲོལ་སྤྱི་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དང་གཅིག་མཚུངས་རེད་ཅེས་བརྗོད་འདུག

XS
SM
MD
LG