ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༤/༢༨

ཕུ་ཊིན་གྱིས་ཨ་རིའི་ཉེན་བརྡར་སྣང་མེད་བཏང་ནས་མོ་སི་ཀོར་རྒོལ་རྡུང་ཕོག


ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་
ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་

༄༅།། ཉེ་ཆར་མོ་སི་ཀོའི་རོལ་དབྱངས་དཀྲོལ་ཚོགས་ཁང་ཞིག་ལ་རྒོལ་རྡུང་བྱས་ནས་མི་༡༣༧་བསད་པ་དང་མི་༡༨༡་ལ་རྨས་སྐྱོན་མ་ཕོག་གོང་དུ་ཨ་རིའི་གཞུང་གིས་ཨུ་རུ་སུར་རྒོལ་རྡུང་འབྱུང་རྒྱུའི་ཉེན་ཁ་འདུག་ཅེས་སྔོན་བརྡ་བཏང་ཡང་ཕུ་ཊིན་གྱིས་སྣང་མེད་བཏང་བའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༣་པའི་ཚེས་༢༦་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་དང་ནུབ་ཕྱོགས་ཀྱི་གསང་བའི་ལས་ཁུངས་ཁག་གིས་མོ་སི་ཀོའི་ཚོགས་ཁང་དེར་གཏོར་རྒོལ་བྱེད་མཁན་ནི་ཁ་ཆེ་རྒྱལ་ཁམས་ཀྱི་ཡན་ལག་ཚོགས་པ་ཞིག་རེད་ཅེས་ངེས་གཏན་བྱུང་། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་རྒོལ་རྡུང་དེར་འབྲེལ་བ་འདུག་ཅེས་ཨུ་ཚུགས་རྒྱག་གི་ཡོད་ཅིང་། ཕྱི་ཟླ་༣་པའི་ཚེས་༧་ཉིན་མོ་སི་ཀོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གིས་མཐའ་ལྷུང་རིང་ལུགས་པ་ཚོས་མོ་སི་ཀོར་གཏོར་རྒོལ་བྱ་རྒྱུའི་ཉེན་ཁ་འདུག ཨུ་རུ་རུ་སུའི་ས་གནས་ཁག་ཏུ་གནས་འཁོད་ཨ་རིའི་སྤྱི་དམངས་རྣམས་རང་ཡུལ་དུ་ཤོག རོལ་དབྱངས་དཀྲོལ་ཚོགས་ཁང་ངམ། ཡང་ན་མི་ཚོགས་འདུ་ས་ཁག་ཏུ་མ་ཕྱིན་ན་ལེགས། ཨ་རི་བ་ཚོས་རང་གི་ཉེ་འཁོར་ལ་དོ་སྣང་བྱོས་ཞེས་བརྡ་ཁྱབ་བཏང་འདུག

མོ་སི་ཀོའི་རོལ་དབྱངས་དཀྲོལ་ཚོགས་ཁང་ཞིག་ལ་རྒོལ་རྡུང་
མོ་སི་ཀོའི་རོལ་དབྱངས་དཀྲོལ་ཚོགས་ཁང་ཞིག་ལ་རྒོལ་རྡུང་

དབྱིན་ཇི་དང་ཁེ་ན་ཌ། ལྷོ་ཀོ་རི་ཡ་དང་ལཱ་ཊི་ཝི་ཡ་བཅས་ཀྱིས་ཀྱང་རང་གི་སྤྱི་དམངས་རྣམས་ཨུ་རུ་སུར་མ་ཕྱིན་ན་ལེགས་ཞེས་ཨ་རིའི་ཉེན་བརྡ་དེ་བརྒྱུད་བསྒྲགས་བྱས་ཤིང་། ཕྱི་ཟླ་༣་པའི་ཚེས་༡༩་ཉིན་ཨུ་རུ་སུའི་དབུས་བདེ་འཇགས་ལྷན་ཁང་གི་ཚོགས་འདུའི་ཐོག་ཏུ་སྲིད་འཛིན་ཕུ་ཊིན་གྱིས་ཨ་རིའི་ཉེན་བརྡ་དེ་ང་ཚོར་འཇིགས་སྣང་སྐུལ་ཐབས་དང་ང་ཚོའི་སྤྱི་ཚོགས་ལ་ཞི་བདེ་བརྟན་ལྷིང་མེད་པར་གཏོང་བའི་གཡོ་ཐབས་ཤིག་རེད་ཅེས་སྣང་མེད་དུ་བསྐྱུར། ཕྱི་ཟླ་༣་པའི་ཚེས་༢༢་ཉིན་དམག་ཆས་གྱོན་པའི་མི་བཞིས་མོ་སི་ཀོའི་རོལ་དབྱངས་དཀྲོལ་ཚོགས་ཁང་དེར་མེ་མདའ་དང་འབར་མདེལ་གྱིས་གཏོར་རྒོལ་བྱས་ནས་མི་གསོད་ཁྲག་སྦྱོར་ཚབས་ཆེན་ཞིག་བྱུང་། ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཁ་ཆེ་རྒྱལ་ཁམས་ཀྱི་ཡན་ལག་ཚོགས་པ་ཀོ་ར་སན་ཞེས་པ་དེས་མོ་སི་ཀོའི་ཚོགས་ཁང་དེར་རྒོལ་རྡུང་བྱས་པ་ཡིན་ཞེས་གསལ་བསྒྲགས་སྤེལ། ཨ་རིའི་གཞུང་གིས་གཏོར་རྒོལ་དེར་ཁ་རྡུང་བཏང་བ་དང་ང་ཚོས་རང་གི་ལས་འགན་ལྟར་ཨུ་རུ་སུར་སྔོན་བརྡ་བཏང་ཡིན་ཞེས་བསྒྲགས།།

ཕྱི་ཟླ་༣་པའི་ཚེས་༢༦་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཕུ་ཊིན་གྱིས་ཨུ་རུ་སུའི་གསང་བའི་ལས་ཁུངས་ཁག་དང་བདེ་འཇགས་ལས་ཁུངས་ཁག་གི་ལས་འགན་འཐུས་ཤོར་ཕྱིན་པ་འགེབས་ཐབས་སུ་གཏོར་རྒོལ་དེ་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོས་བྱས་ཀྱང་ཡུཀ་རེན་འབྲེལ་བ་འདུག ཨ་མི་རི་ཀས་རང་གི་འཁོར་ཚོགས་རྒྱལ་ཁབ་ཁག་ལ་ཡུཀ་རེན་འབྲེལ་བ་མེད་པ་དང་ཁ་ཆེ་རྒྱལ་ཁམས་ཀྱིས་ཨུ་རུ་སུར་གཏོར་རྒོལ་བྱས་པ་རེད་ཅེས་ངེས་ཤེས་རྙེད་དུ་འཇུག་ཐབས་བྱེད་ཀྱི་འདུག ང་ཚོས་སུས་རྒོལ་རྡུང་བྱས་པ་ཤེས་ཀྱི་ཡོད། ང་ཚོས་དེའི་རྒྱབ་ལོགས་ཀྱི་ངན་ཇུས་གཤོམ་མཁན་སུ་ཡིན་ཤེས་དགོས་ཡོད། ཉེས་ཅན་དེ་རྣམས་ཡུཀ་རེན་གྱི་ཕྱོགས་སུ་འབྲོས་ཐབས་བྱས་པ་རེད་ཅེས་སླར་ཡང་ཡུཀ་རེན་ལ་ནག་ཉེས་བཙུགས། ཡུཀ་རེན་གྱིས་སྐྱོན་འཛུགས་དེར་གཏན་ནས་ངོས་ལེན་བྱེད་ཀྱི་མེད་པ་སྟེ། སྲིད་འཛིན་ཛེ་ལན་སི་ཀིས་ང་ཚོ་རྒོལ་རྡུང་དེར་འབྲེལ་བ་ཅི་ཡང་མེད། ཕུ་ཊིན་གྱིས་རྟག་ཏུ་གཞན་གྱི་སྟེང་དུ་ལན་ཁག་དཀྲི་ཡི་ཡོད་རེད་ཅེས་ལན་བཏབ།།

ཨུ་རུ་སུའི་ཆབ་སྲིད་ཞིབ་འཇུག་ཁང་གསར་འཛུགས་པ་ཊ་ཊི་ཡ་ན་ས་ཊ་ནོ་ཝ་ཡས་ཕུ་ཊིན་གྱིས་ཡུཀ་རེན་འབྲེལ་བ་འདུག་ཟེར་གྱི་ཡོད་པར་དོགས་ཟོན་བྱ་དགོས། གལ་སྲིད་ཡུཀ་རེན་ངོ་མར་འབྲེལ་བ་ཡོད་ན་ཨུ་རུ་སུས་ལན་པ་དྲག་པོ་སློག་ཤས་ཆེ། ཁ་ཆེ་རྒྱལ་ཁམས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་ཉེན་རྟོག་པའི་གཞི་གྲངས་ནང་དུ་འཁོད་མེད་པའི་འཐབ་མོ་བ་གསར་པ་བསྡུས། ཁོ་ཚོར་སྦྱོང་བརྡར་སྤྲད་ནས་གཏོར་རྒོལ་བྱེད་དུ་བཅུག་སྟེ་འཐབ་ཇུས་གསར་པ་ཞིག་ལ་ཚོད་ལྟ་བྱེད་ཀྱི་འདུག་ཅེས་བཀྲལ། ཡིན་ནའང་ཨུ་རུ་སུའི་གཞུང་གཉེར་གསར་འགྱུར་ལས་ཁུངས་ཁག་གིས་ང་ཚོས་ཁ་ཆེ་རྒྱལ་ཁམས་བཤད་ཀྱི་མེད། ཡུཀ་རེན་ལ་འབྲེལ་བ་ཡོད་དེ་བཤད་ཀྱི་ཡོད་ཅེས་དྲིལ་བསྒྲགས་བྱ་རྒྱུ་ཤུགས་ཆེ་རུ་སོང་། ཨུ་རུ་སུའི་ཀོམ་སོ་མོལ་ས་ཀ་ཡ་པྲབ་དྷ་ཚགས་པར་ནང་དུ་དཔྱད་བརྗོད་པ་ཞིག་གིས་ཨ་རི་དང་དབྱིན་ཇིའི་གསང་ཉུལ། ཡུཀ་རེན་རྣམས་རྒོལ་རྡུང་དེར་འབྲེལ་བ་འདུག་ཟེར་གྱི་འདུག་ཅེས་ལུང་དྲངས།།

ཉམས་ཞིབ་པ་ཚོས་ཧྥ་རན་སི་གསར་འགྱུར་ལས་ཁང་ལ་ཨ་རིའི་གཞུང་ཚབ་ཁང་གིས་སྔོན་བརྡ་བཏང་ཡང་ཨུ་རུ་སུས་རྒོལ་རྡུང་དེ་འགོག་མ་ཐུབ། ཨུ་རུ་སུའི་གསང་བའི་ལས་ཁུངས་ཁག་ཚགས་ཚུད་མེད་པ་དང་ལས་འགན་འཐུས་ཤོར་ཕྱིན་པ་བརྗོད་ཅི་དགོས། སྔོན་ཆད་ཨུ་རུ་སུ་དམར་ཤོག་སྐབས་ཀྱི་ཁེ་ཇཱི་བྷི་གསང་བའི་ལས་ཁུངས་ནི་ད་ལྟའི་ཨུ་རུ་སུའི་བདེ་འཇགས་ལས་ཁུངས་སུ་གྱུར། ཕུ་ཊིན་ཁེ་ཇཱི་བྷི་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་དང་ད་ལྟའི་ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱི་འགན་ཁྲིད་བྱས་མྱོང་ཞིང་། ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱིས་རྒྱལ་ནང་དུ་རྒོལ་རྡུང་འབྱུང་རྒྱུ་ཡིན་པ་མ་ཤེས་པ་ནི་ཕུ་ཊིན་གྱིས་ཨུ་རུ་སུའི་མི་དམངས་དང་རྒྱལ་ཁབ་ལ་སྲུང་སྐྱོབ་བྱེད་མ་ཐུབ་པ་ཞིག་ཏུ་བརྩི་ཆོག ༢༠༠༢་ལོར་མོ་སི་ཀོའི་ཟློས་གར་ཁང་ཞིག་ལ་རྒོལ་རྡུང་ཕོག ༢༠༠༤་ལོར་བྷ་ས་ལན་སློབ་གྲྭའི་ནང་དུ་སློབ་ཕྲུག་དང་དགེ་རྒན་དམར་གསོད་བྱུང་། གཟའ་འཁོར་སྔོན་མར་རོལ་དབྱངས་དཀྲོལ་ཚོགས་ཁང་ཞིག་ལ་གཏོར་རྒོལ་བྱས་པ་བཅས་ཀྱིས་ཨུ་རུ་སུའི་གསང་བའི་ལས་ཁུངས་ཁག་ལ་ནུས་པ་མེད་པ་ར་འཕྲོད་པ་རེད་ཅེས་བསྟན།།

ཧྥ་རན་སིའི་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཊ་ཊི་ཡ་ན་ཀ་ས་ཏོ་ཝ་ཞཱང་གིས་སྔོན་ཆད་ཁ་ཆེ་དྲག་སྤྱོད་པ་ཚོས་ཨུ་རུ་སུར་རྒོལ་རྡུང་རབ་དང་རིམ་པ་ཞིག་བྱས་པ་རེད། ཨུ་རུ་སུ་རྒྱལ་ཡོངས་སུ་ཁ་ཆེ་ས་ཡ་༢༠་ཐམ་པ་ཡོད་པས་ཕུ་ཊིན་གྱིས་ཁ་ཆེ་ཚོར་ནག་ཉེས་གཡོགས་ན་ཨུ་རུ་སུའི་སྤྱི་ཚོགས་ལ་བརྡབ་གསིག་ཆེན་པོ་ཞིག་ཐེབས་སྲིད། ད་ཐེངས་ཀྱི་གཏོར་རྒོལ་འདི་ཁ་ཆེ་རྒྱལ་ཁམས་ཀྱིས་བྱས་པ་རེད་ཅེས་ངོས་ལེན་བྱས་ཚེ། མི་དམངས་ཀྱི་བསམ་བློའི་ནང་དུ་ཨུ་རུ་སུའི་གསང་བའི་ལས་ཁུངས་ནི་ཐམས་ཅད་མཁྱེན་པ་དང་འགྲན་ཟླ་མེད་པ། ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱིས་ཐམས་ཅད་ཤེས་པ་དང་ཐམས་ཅད་སྒྲུབ་ཐུབ་པའི་བག་ཆགས་ཤིག་བཞག་ཡོད་པ་ཡལ་བར་འགྱུར་རྒྱུར་ཐེ་ཚོམ་མེད། ཕུ་ཊིན་གྱིས་རང་གི་ལས་འགན་འཐུས་ཤོར་བྱུང་བ་དང་ཨུ་རུ་སུའི་གསང་བའི་ལས་ཁུངས་ལ་འཇོན་ཐང་མེད་པ་འགེབས་ཐབས་སུ་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཡུཀ་རེན་ལ་ལན་ཁག་དཀྲིས། ཨུ་རུ་སུའི་མི་དམངས་ཀྱི་བསམ་བློའི་ཁ་ཕྱོགས་སྒྱུར་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་སྨྲས།།

ཕྱི་ཟླ་༣་པའི་ཚེས་༢༦་ཉིན་ཨ་རིའི་ཧིལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་གཏོར་རྒོལ་དེར་འབྲེལ་བ་ཡོད་པའི་ལན་ཁག་དཀྲི་ཡི་ཡོད་པ་ནི་དམག་སྐུལ་བྱེད་པའི་ཆེད་དུ་རེད། ཕུ་ཊིན་གྱིས་ཡུཀ་རེན་ལ་ནག་ཉེས་མ་བཙུགས་ན་ཨ་མི་རི་ཀའི་སྔོན་བརྡར་སྣང་མེད་བཏང་བ་ངོས་ལེན་བྱ་དགོས་པ་རེད་ཅེས་གནས་ཚུལ་སྤེལ། ཨི་ཊི་ལན་ཊིག་ལྷན་ཚོགས་ཀྱི་ཉམས་ཞིབ་པ་ཇཱོན་ཧར་བྷ་སི་ཊིས་སྐྱོན་འཛུགས་དེ་ཕུ་ཊིན་གྱིས་གོ་སྐབས་འཛིན་ཐབས་དང་མང་ཚོགས་ཀྱི་བློ་ཁ་སྒྱུར་ཐབས་ཤིག་རེད། ཨུ་རུ་སུའི་མི་དམངས་ཀྱིས་དམག་འཁྲུག་ལ་རྒྱབ་སྐྱོར་བྱ་རྒྱུ་དང་ཕྱིས་སུ་དམག་སྐུལ་བྱ་རྒྱུ་སྟབས་བདེ་རུ་གཏོང་གི་ཡོད་པ་རེད། འདི་ནི་ཐབས་ཇུས་ཤིག་རེད་ཅེས་དཔྱད་བརྗོད་སྤེལ། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་འབུམ་༣་དང་ཕྱེད་ཀ་ཙམ་བསད་རྨས་བྱུང་། ཨུ་རུ་སུར་དམག་མི་འདང་ངེས་མེད་པའི་དཀའ་ངལ་ཡོད་པ་ཡོངས་གྲགས་སུ་གྱུར།།

ཏ་ཇིག་སི་ཐན་གྱི་སྲིད་འཛིན་ཨེ་མོ་མ་ལི་རཱ་མན་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་
ཏ་ཇིག་སི་ཐན་གྱི་སྲིད་འཛིན་ཨེ་མོ་མ་ལི་རཱ་མན་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་

ཕྱི་ཟླ་༣་པའི་ཚེས་༢༥་ཉིན་ཚོང་ལས་ནང་ཚགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སྔོན་གཟའ་པ་སང་ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་གཏོར་རྒོལ་བྱེད་མཁན་རྣམས་ཏ་ཇིག་སི་ཐན་གྱི་སྤྱི་དམངས་རེད་ཅེས་ཁྲིམས་ཁང་གིས་ངོ་ཐག་བཅད། ཏ་ཇིག་སི་ཐན་ནི་ཨུ་རུ་སུར་མཐུན་གྲོགས་རྒྱལ་ཁབ་ཉུང་ཤས་ལས་མེད་པ་དེ་དག་གི་གྲས་ཤིག་ཡིན་མོད། ད་ཐེངས་ཀྱི་རྒོལ་རྡུང་རྗེས་སུ་ཨུ་རུ་སུ་དང་ཏ་ཇིག་སི་ཐན་གྱི་འབྲེལ་བ་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་འདུག ཨུ་རུ་སུར་ངལ་རྩོལ་རྒྱུག་ཏུ་བསླེབས་པའི་ཏ་ཇིག་སི་ཐན་བ་ཚོར་སྡང་ཟུག་བྱ་རྒྱུ་མགོ་བརྩམས། གཟའ་སྤེན་པའི་ཉིན་ཏ་ཇིག་སི་ཐན་གྱི་ཕྱི་སྲིད་ལྷན་ཁང་གིས་འཇིགས་སྐུལ་རིང་ལུགས་པ་དེ་རྣམས་ང་ཚོའི་སྤྱི་དམངས་མ་རེད། ཨུ་རུ་སུའི་གསར་འགྱུར་ལས་ཁུངས་ཁག་གིས་སྤེལ་བའི་གནས་ཚུལ་དེ་ཚོ་རྫུན་མ་རེད་ཅེས་དགག་པ་བརྒྱབ། ཏ་ཇིག་སི་ཐན་གྱི་སྲིད་འཛིན་ཨེ་མོ་མ་ལི་རཱ་མན་གྱིས་ཕུ་ཊིན་ལ་འཇིགས་སྐུལ་རིང་ལུགས་པ་ཚོར་རྒྱལ་ཁོངས་དང་ཕ་ཡུལ། ཆོས་ལུགས་ཟེར་བ་ཞིག་ཡོད་པ་མ་རེད་ཅེས་ཁ་པར་བཏང་བའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG