ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༥/༢༡

༡༩༧༣་ལོར་བཞག་པའི་འབྲས་ལྗོངས་ཀྱི་ཕྱོགས་གསུམ་གྲོས་མཐུན།


ྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཟླ་སྒྲིལ་བྱས་ནས་༥༡་འཁོར་བའི་དུས་དྲན་རེད།
ྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཟླ་སྒྲིལ་བྱས་ནས་༥༡་འཁོར་བའི་དུས་དྲན་རེད།

༄༅།། ༡༩༧༣་ལོའི་ཕྱི་ཟླ་༥་པའི་ཚེས་༨་ཉིན་རྒྱ་གར་གཞུང་དང་འབྲས་ལྗོགས་ཀྱི་སྲིད་དོན་ཚོགས་པ་ཁག འབྲས་ལྗོངས་ཆོས་རྒྱལ་བཅས་ཕྱོགས་ཁག་གསུམ་གྱིས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པ་དེར་འཛམ་གླིང་ཡོངས་སུ་ཕྱོགས་གསུམ་གྲོས་མཐུན་ཞེས་གྲགས། ཁ་སང་ཕྱི་༥་པའི་ཚེས་༨་ཉིན་རྒྱ་གར་གྱི་ཨ་སམ་ཊྲི་བྷུན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༤་ལོའི་ཕྱི་ཟླ་༥་པའི་ཚེས་༨་ཉིན་ནི་ལྷོ་ཨེ་ཤི་ཡའི་བྱུང་རབས་སུ་གལ་འགངས་ཆེ་བའི་དུས་ཚེས་ཤིག་ཡིན་ཞིང་། ཧི་མ་ལ་ཡའི་ལྗོངས་སུ་ཆགས་པའི་རྒྱལ་ཁབ་ཆུང་ཆུང་དེའི་ཆབ་སྲིད་ལམ་ལུགས་ལ་འཕོ་འགྱུར་བྱུང་སྟེ་འབྲས་ལྗོངས་དམངས་གཙོའི་ལམ་དུ་བསྐྱོད། ས་གནས་དེ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཟླ་སྒྲིལ་བྱས་ནས་༥༡་འཁོར་བའི་དུས་དྲན་རེད། རྒྱ་གར་གཞུང་དང་འབྲས་ལྗོངས། འབྲས་ལྗོངས་ཆོས་རྒྱལ་དཔལ་ལྡན་དོན་གྲུབ་རྣམ་རྒྱལ་བཅས་ཕྱོགས་ཁག་གསུམ་གྱིས་མཚན་རྟགས་བཀོད་པའི་གྲོས་མཐུན་དེས་ལྷོ་ཨེ་ཤི་ཡར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད་ཅེས་གསར་འགྱུར་སྤེལ་འདུག

གསར་འགྱུར་དེའི་ནང་དུ་འབྲས་ལྗོངས་ནི་སྔ་མོ་ནས་རྒྱ་གར་གྱི་སྲུང་སྐྱོབ་འོག་ཏུ་ཡོད་པ་དང་ཆོས་རྒྱལ་མཆོག་ནས་ནང་སྲིད་ཀྱི་བྱ་བ་མཐའ་དག་གི་ཐུགས་འགན་བཞེས་པའི་རྒྱལ་ཁབ་ཅིག་ཡིན་མོད། འོན་ཀྱང་འབྲས་ལྗོངས་ནང་ཁུལ་དུ་དམངས་གཙོའི་འགྱུར་བཅོས་གཏོང་དགོས་ཞེས་མང་ཚོགས་ཀྱིས་དགོས་འདུན་བཏོན་པ་དང་མི་མང་ཁག་ཅིག་གིས་འབྲས་ལྗོངས་རྒྱ་གར་གྱི་མངའ་ཁོངས་སུ་ཟླ་སྒྲིལ་བྱ་དགོས་ཞེས་ལས་འགུལ་སྤེལ། མཐར་འབྲས་ལྗོངས་ཆོས་རྒྱལ་གྱི་དབང་བསྒྱུར་ལ་ཕྱོགས་མང་པོ་ཞིག་ནས་ངོ་ལོག་བྱུང་སྟེ་ཆབ་སྲིད་བརྟན་ལྷིང་མེད་པར་གྱུར། དེ་ནས་འབྲས་ལྗོངས་ཆོས་རྒྱལ་གྱིས་སྲིད་དབང་འཛིན་པའི་ལམ་ལུགས་མེད་པར་བཏང་སྟེ་འབྲས་ལྗོངས་རྒྱ་གར་གྱི་མངའ་སྡེ་ཨང་༢༢་པར་བསྒྱུར། ཐག་གཅོད་དེས་རྒྱ་གར་གྱི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་དང་ཧི་མ་ལ་ཡའི་མཐའ་མཚམས་སུ་རྒྱ་གར་གྱི་གཞི་རྩ་་བརྟན་པོ་ཚུགས་ཐུབ་པ་ཞིག་བྱུང་ཡོད་པ་རེད་ཅེས་རྩོམ་ཡིག་སྤེལ།།

ཨ་སམ་ཊྲི་བྷུན་ཚགས་པར་ནང་དུ་འབྲས་ལྗོངས་ཡུལ་ལུང་དེ་ཉིད་རྒྱལ་པོའི་དབང་བསྒྱུར་ལམ་ལུགས་འོག་ནས་དམངས་གཙོའི་མངའ་སྡེ་ཞིག་ཏུ་འགྱུར་ཐུབ་པ་ནི་འཛིན་སྐྱོང་ལམ་ལུགས་ལ་འགྱུར་ལྡོག་ཆེན་པོ་ཞིག་རེད། འབྲས་ལྗོངས་མི་དམངས་ལ་འཛིན་སྐྱོང་ཐད་དུ་བསམ་འཆར་བཤད་ཆོག་པའི་གོ་སྐབས་ཐོབ། ༡༩༧༤་ལོར་འབྲས་ལྗོངས་ལ་དམངས་གཙོའི་སྲིད་གཞུང་འོས་འདེམས་ཐེངས་དང་པོ་བྱས་ནས་རྒྱ་གར་གྱི་ཆབ་སྲིད་སྒྲིག་འཛུགས་ཁག་གི་ཁོངས་སུ་འབྲས་ལྗོངས་ཀྱི་འཐུས་མི་ཞུགས་དགོས་པའི་རེ་བ་བཏོན། རྒྱ་གར་གྱི་རྩ་ཁྲིམས་བསྐྱར་བཅོས་ཐེངས་༣༦་པ་བྱས་ནས་༡༩༧༥་ལོའི་ཕྱི་ཟླ་༤་པའི་ཚེས་༡༦་ཉིན་འབྲས་ལྗོངས་དངོས་སུ་རྒྱ་གར་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་སུ་གྱུར་ནས་འབྲས་ལྗོངས་ཆོས་རྒྱལ་གྱི་རྒྱལ་པོའི་དབང་བསྒྱུར་ལམ་ལུགས་མཇུག་བསྡུས། འབྲས་ལྗོངས་ལ་ཞི་བདེ་བརྟན་ལྷིང་ཚུགས་ཏེ་འཆམ་མཐུན་བྱུང་། ཕྱིའི་ཐེ་གཏོགས་མེད་པ་དང་རྒྱ་གར་གྱི་ཁེ་ཕན་སྲུང་སྐྱོབ་ཐུབ་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

1967ལོར་རྡི་ལི་གསར་པའི་གནམ་གྲུ་ཐང་དུ་ཨིཎྜི་ར་གྷན་དྷི། འབྲས་ལྗོངས་ཀྱི་རྒྱལ་པོ་དང་བཙུན་མོ།
1967ལོར་རྡི་ལི་གསར་པའི་གནམ་གྲུ་ཐང་དུ་ཨིཎྜི་ར་གྷན་དྷི། འབྲས་ལྗོངས་ཀྱི་རྒྱལ་པོ་དང་བཙུན་མོ།

འབྲས་ལྗོངས་རྒྱ་གར་གྱི་མངའ་སྡེ་ཞིག་ཏུ་གྱུར་ཀྱང་ས་གནས་དེའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་སོགས་ལ་ངོས་འཛིན་དང་སྲུང་སྐྱོབ་ཐུབ་ཡོད་པ་སྟེ། ཕྱོགས་གསུམ་གྲོས་མཐུན་ནང་དུ་དམིགས་བསལ་གྱི་དོན་ཚན་ཞིག་བཀོད་ནས་འབྲས་ལྗོངས་ཀྱི་རིག་གཞུང་དང་སྐད་ཡིག ཆབ་སྲིད་ཀྱི་ཐོབ་ཐང་དང་ཡུལ་སྲོལ་གོམས་གཤིས་རྣམས་གཅེས་འཛིན་བྱ་དགོས་ཞེས་འཁོད་ཡོད་པས་འབྲས་ལྗོངས་མི་དམངས་རྣམས་བློ་ཁ་ཚིམས། ཕྱོགས་གསུམ་གྲོས་མཐུན་བཞག་ནས་འབྲས་ལྗོངས་ཀྱི་ཆབ་སྲིད་བརྟན་ལྷིང་དང་ས་གནས་དེར་ཞི་བདེ་བསྐྲུན། ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཀུན་ལ་མངའ་ཁོངས་ཀྱི་རྩོད་གཞི་རྣམས་ཞི་བའི་སྒོ་ནས་ཐག་གཅོད་བྱེད་ཐུབ་པའི་མིག་དཔེ་གསར་པ་ཞིག་བསྟན། འབྲས་ལྗོངས་དམངས་གཙོར་གྱུར་ནས་འཛིན་སྐྱོང་དང་ལས་དོན་ཐག་གཅོད་ཀྱི་འགན་དབང་མི་དམངས་ཀྱིས་ལེན་ཐུབ་པའི་ལེགས་སྐྱེས་ཕུལ་བ་རེད་ཅེས་དཔྱད་བརྗོད་སྤེལ།།

ཨ་སམ་ཊྲི་བྷུན་ཚགས་པར་ནང་དུ་དམངས་གཙོའི་ལེགས་བཅོས་བྱུང་ནས་འབྲས་ལྗོངས་ལ་རང་དབང་དང་འདྲ་མཉམ། དྲང་བདེན་གྱི་སྤྱི་ཚོགས་ཤིག་ཚུགས། ཧི་མ་ལ་ཡའི་ལྗོངས་སུ་འབྲས་ལྗོངས་ཀྱི་ཆགས་ཡུལ་དེ་ཉིད་དམག་དོན་འཐབ་ཇུས་ལ་གནད་འགག་ཆེ་བས་རྒྱ་གར་གྱི་བདེ་འཇགས་དང་ལྷོ་ཨེ་ཤི་ཡའི་ས་ཁམས་ཆབ་སྲིད་ལ་ཤུགས་རྐྱེན་ཐེབས། འབྲས་ལྗོངས་རྒྱ་གར་གྱི་མངའ་ཁོངས་སུ་ཟླ་སྒྲིལ་བྱས་ནས་རྒྱ་གར་བྱང་ཕྱོགས་ཀྱི་མཐའ་མཚམས་སྲུང་སྐྱོབ་སྲ་བརྟན་བྱུང་། ཕྱོགས་གསུམ་གྲོས་མཐུན་བཞག་ནས་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་རིག་གཞུང་སྣ་མང་ལ་བརྩི་འཇོག་དང་སྲུང་སྐྱོབ་ཐོབ་པར་མ་ཟད། རྒྱ་གར་གྱིས་རིག་གཞུང་སྣ་མང་རིང་ལུགས་དང་ཡུལ་སྡེ་སྣ་མང་རིང་ལུགས་ལ་གོང་བཀུར་བྱེད་ཀྱི་ཡོད་པ་སླར་ཡང་ངོ་འཕྲོད། དེ་བཞིན་ཕྱོགས་གསུམ་གྲོས་མཐུན་དེར་གྲོས་མོལ་དང་ཕྱི་འབྲེལ། དམངས་གཙོའི་ལམ་ལུགས་བཅས་ལ་ཡུན་བརྟན་གྱི་ནུས་པ་ཡོད་པ་ར་འཕྲོད་པ་རེད་ཅེས་བསྔགས་བརྗོད་བྱས་འདུག

ཕྱི་ཟླ་༥་པའི་ཚེས་༨་རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སྔོན་གཟའ་ཉི་མའི་ཉིན་སྒང་ཏོག་ཏུ་ཕྱོགས་གསུམ་གྲོས་མཐུན་བཞག་སྟེ་འབྲས་ལྗོངས་རྒྱ་གར་གྱི་མངའ་སྡེ་ཞིག་ཏུ་གྱུར་ནས་ལོ་༥༡་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཤིང་། ༡༩༧༣་ལོའི་ཕྱོགས་གསུམ་གྲོས་མཐུན་ལྟར་འབྲས་ལྗོངས་རྒྱ་གར་གྱི་མངའ་ཁོངས་སུ་ཟླ་སྒྲིལ་བྱས་ནས་མངའ་ཁོངས་གོང་བུ་གཅིག་གྱུར་བྱུང་ཞིང་། རྒྱ་གར་གཞུང་དང་འབྲས་ལྗོངས། འབྲས་ལྗོངས་ཆོས་རྒྱལ་གསུམ་གྱིས་མཚན་རྟགས་བཀོད་པའི་གྲོས་མཐུན་ནི་འཛིན་སྐྱོང་ལ་དམངས་གཙོའི་ལེགས་བཅོས་ཆེན་པོ་ཞིག་རེད་ཅེས་བཀྲལ། སི་ཀིམ་ན་གྷ་རིགས་ས་མ་ཇ་ཚོགས་པའི་མགྲིན་ཚབ་པ་ཤར་པ་པ་སངས་ཀྱིས་དུས་དྲན་ཉིན་དེར་འབྲས་ལྗོངས་ཀྱི་ལོ་རྒྱུས་ངེས་པར་དུ་སློབ་གྲྭའི་སློབ་ཚན་ཁོངས་སུ་འཇུག་དགོས་ཞེས་ནན་གྱིས་བསྐུལ། འབྲས་ལྗོངས་ཀྱི་སྲིད་དོན་ཚོགས་པ་ཁག་དང་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི། མི་མང་ལས་འགུལ་བ་སོགས་ཀྱིས་རྒྱ་གར་དབུས་གཞུང་ལ་བོད་ཡིག་གམ། ཡང་ན་བྷོ་ཊའི་སྐད་ཡིག་རྒྱ་གར་གྱི་གཞུང་འབྲེལ་སྐད་ཡིག་ཁོངས་སུ་ངོས་འཛིན་བྱ་དགོས་ཞེས་ལས་འགུལ་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG