ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༢༠

དབྱིན་ཇིའི་གྲོས་ཚོཊ་ཀྱི་སྙན་ཐོའི་ནང་ཐེ་ཝན་རང་བཙན་རྒྱལ་ཁབ་ཅེས་འཁོད། 


༄༅།། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཇཱེམ་སི་ཁ་ལེ་ཝར་ལིརྒྱ་ནག་ལ་འཚམས་འདྲིར་འབྱོར་ཡོད་པའི་དུས་སུ་དབྱིན་ཇིའི་གྲོས་ཚོགས་ཀྱི་སྙན་ཐོའི་ནང་དུ་ཐེ་ཝན་རང་བཙན་རྒྱལ་ཁབ་ཅེས་འཁོད་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༨་པའི་ཚེས་༣༠་ཉིན་པོ་ལི་ཊི་ཀོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཇིའི་གྲོས་ཚོགས་ཀྱི་གཞུང་འབྲེལ་སྙན་ཐོའི་ནང་དུ་ཐེ་ཝན་ལ་མི་འབོར་དང་མངའ་ཁོངས། སྲིད་གཞུང་དང་རྒྱལ་ཁབ་གཞན་ལ་འབྲེལ་བ་འཛུགས་པ་སོགས་རྒྱལ་ཁབ་ཅིག་གི་ཆ་རྐྱེན་ཡོངས་སུ་ཚང་འདུག ཐེ་ཝན་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་ངོས་ལེན་ཤུགས་ཆེན་པོ་ཞིག་ཐོབ་མེད་པ་ཁོ་ན་རེད། རྒྱ་ནག་གིས་ཐེ་ཝན་མཚོ་གླིང་སྐམ་ས་ཆེན་མོའི་མངའ་ཁོངས་སུ་གཏོགས་ཞེས་རྩོད་པ་རྒྱག་གི་ཡོད་པས་ཐེ་ཝན་གྱིས་རང་བཙན་གསལ་བསྒྲགས་བྱས་མེད་པ་རེད། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཐེ་ཝན་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པས་བསྐྱར་དུ་རང་བཙན་གསལ་བསྒྲགས་བྱ་དགོས་དོན་མེད་པའི་ཁྱབ་བསྒྲགས་བྱས་པ་རེད་ཅེས་འཁོད།།

དབྱིན་ཇིའི་གྲོས་ཚོགས་ཀྱི་སྙན་ཐོ་དེར་པེ་ཅིང་གི་དབང་འཛིན་པ་ཚོས་ཐེ་ཝན་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཞེས་རྩོད་པ་རྒྱག་གི་ཡོད་པར་ལོ་རྒྱུས་ཀྱི་ཁུངས་ལུང་མེད་ཅིང་། དེ་ནི་རྟོག་བཟོའི་གཏམ་རྒྱུད་ཅིག་ཏུ་ཟད། རྒྱ་ནག་གིས་ལོ་༡༨༠༠་ལྷག་གི་ཡར་སྔོན་ནས་ཐེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་ཞེས་བཤད་ཀྱི་ཡོད་ཀྱང་དོན་དངོས་སུ་མན་ཇུའི་དུས་སུ་རྒྱ་ནག་གིས་ཐེ་ཝན་ལ་དབང་བསྒྱུར་བྱས་འདུག དེ་ནི་དབྱིན་ཇིས་རྒྱ་གར་དང་སིངྒ་ལ་སོགས་ལ་དབང་བསྒྱུར་བྱས་པ་དང་གཅིག་མཚུངས་རེད། དབྱིན་ཇིས་རྒྱ་གར་དང་སིངྒ་ལར་དབང་བསྒྱུར་བྱས་པ་རྒྱུ་མཚན་དུ་བགྲངས་ནས་སིངྒ་ལ་རྒྱ་གར་གྱི་ཆ་ཤས་སུ་གྱུར་མེད་ཅེས་བསྟན། དབྱིན་ཇིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གིས་རྒྱལ་ཁབ་དེའི་མཁའ་དབྱིངས་དང་དྲྭ་ལམ་སྲུང་སྐྱོབ་དོན་དུ་དབྱིན་གཞུང་གིས་ཉི་ཧོང་དང་ཐེ་ཝན་གཉིས་ལ་མཉམ་འབྲེལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྒྲགས། ཡིན་ནའང་དབྱིན་གཞུང་གིས་རྒྱ་ནག་བདེ་འཇགས་ཐོག་ཏུ་ཉེན་ཁ་ཞིག་རེད་ཅེས་ཁྱབ་བསྒྲགས་བྱེད་ཕོད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༨་པའི་ཚེས་༣༠་ཉིན་ཐེ་ཝན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཇིའི་གྲོས་ཚོགས་ཀྱི་སྙན་ཐོའི་ནང་དུ་ཐེ་ཝན་རང་བཙན་རྒྱལ་ཁབ་ཅེས་འཁོད་ཡོད་པ་དེ་ཕྱིར་བསྒྲགས་བྱུང་བ་ཐེངས་དང་པོ་ཡིན་ཞིང་། ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་ཨ་ལི་ཤ་ཀེརྣ་སི་ཡིས་ང་ཚོས་རྒྱ་ནག་གི་ལངས་ཕྱོགས་དེ་ཤེས་ཀྱི་ཡོད། དབྱིན་ཇིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གིས་རྒྱ་ནག་གི་ལངས་ཕྱོགས་ལ་ངོས་ལེན་བྱེད་ཀྱི་མེད། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་ཐེ་ཝན་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ང་ཚོས་འགྱུར་བ་མེད་པའི་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་སྐད་གསང་ཐོན་པོས་བཤད་དགོས། འདི་ནི་དབྱིན་ཇིའི་ལྟ་གྲུབ་ལ་མཐུན་པ་གཅིག་པུ་མིན་པར་འཛམ་གླིང་ཡོངས་ཀྱི་བཙན་དབང་རིང་ལུགས་ཀྱི་སྲིད་གཞུང་ཁག་ལ་བདག་དབང་ནི་དྲག་གཅོད་དང་བཙན་ཐབས་ཀྱིས་ལེན་ཐུབ་པ་ཞིག་མིན་པའི་གོ་བརྡ་གསལ་པོ་སྤྲོད་ཐུབ་པའི་ཐབས་ལམ་ཞིག་ཡིན། དབྱིན་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པར་ཕོག་ཐུག་གཏོང་སྲིད་པར་སྐྲག་སྟེ་ཐེ་ཝན་ལ་འབྲེལ་བ་དམ་ཟབ་འཛིན་ཐུབ་ཀྱི་མེད་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག

རྒྱ་ནག་གི་ནང་འཁྲུག་སྐབས་སུ་མའོ་ཙེ་ཏུང་གི་འགོ་ཁྲིད་པའི་དམར་ཤོག་ལ་རྒྱལ་ཁ་ཐོབ། ཅང་ཅེ་ཧྲིས་འགོ་ཁྲིད་པའི་གོ་མིན་ཏང་སྲིད་གཞུང་ལ་ཕམ་ཉེས་བྱུང་སྟེ་ཐེ་ཝན་དུ་བྲོས། ༡༩༤༩་ལོར་གོ་མིན་ཏང་གི་སྲིད་གཞུང་ཐེ་ཝན་དུ་སྤོས་པ་དང་རྒྱ་ནག་གིས་ཐེ་ཝན་མཚོ་གླིང་ལ་གཏན་ནས་དབང་བསྒྱུར་བྱས་མྱོང་མེད་མོད། འོན་ཀྱང་རྒྱ་ནག་གིས་ཐེ་ཝན་ནི་སྐམ་ས་ཆེན་མོར་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན་ཟེར། ཞིས་ཅིན་ཕིང་གིས་རྒྱ་ནག་གི་མངའ་ཐང་ཆེན་མོ་བསྐྱར་དུ་དར་བར་ཐེ་ཝན་ལ་དམག་རྒྱག་དགོས་ཀྱང་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། རྒྱ་ནག་གིས་ཐེ་ཝན་མི་དམངས་ས་ཡ་༢༣་གྱི་མངོན་འདོད་ལ་བརྩི་མེད་དང་མཚོ་གླིང་དེའི་སྲིད་གཞུང་ལ་གནོན་ཤུགས་སྤྲད། རྒྱ་ནག་གིས་ཐེ་ཝན་ལ་དྲྭ་ལམ་ནས་གཏོར་རྒོལ་བྱས་པ་དང་མཚོ་གླིང་དེའི་སྤྱི་ཚོགས་ལ་དབྱེན་སྦྱོར། ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་རྒྱ་ནག་གི་ཕྱོགས་སུ་བཀུག ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པ་ལྟར་རྒྱ་ནག་གིས་ཀྱང་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

དབྱིན་ཇིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གི་འཐུས་མི་ཚོས་རྒྱ་ནག་གིས་ཐེ་ཝན་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ། ཞིས་ཅིན་ཕིང་གིས་ཐེ་ཝན་ལ་དམག་རྒྱག་རྒྱུའི་སྡིགས་ར་སྐུལ་བཞིན་འདུག རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་སྲིད་པ་འགོག་ཐབས་སུ་དབྱིན་ཇིའི་གཞུང་གིས་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་རྒྱ་ནག་ལ་ཉེས་ཆད་གཅོད་དགོས་ཞེས་གྲོས་གཞི་བཏོན། དབྱིན་ཇིའི་གྲོས་ཚོགས་ཀྱི་སྙན་ཐོ་དེར་མུ་མཐུད་དུ་འཁོད་པ་ལྟར་ན། ཐེ་ཝན་མི་དམངས་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་འདུག་འདོད་མི་འདུག རྒྱལ་སྤྱིའི་ཁྲིམས་དང་སྒྲིག་གཞི་གོང་བཀུར་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་ཚེ། ཐེ་ཝན་གྱི་མདུན་ལམ་དོན་དུ་བློ་འཚབ་བྱ་དགོས་པ་ཞིག་རེད། ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱ་ཐབས་ཅི་ཞིག་བྱས་ཀྱང་རྒྱལ་ཁབ་ཅིག་གི་བདག་དབང་ལ་བརྩི་མེད་བཏང་བ་མཚོན་ཐུབ་པར་མ་ཟད། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་སྟོབས་ཤུགས་དོ་མཉམ་ལ་འགྱུར་བ་ཐེབས། ཉི་ཧོང་གི་བདེ་འཇགས་ལ་ཉེན་ཁ་འཕྲད་རྒྱུ་དང་འཛམ་གླིང་གི་ཚོང་ལས་བརྒྱ་ཆ་༣༠་ཐམ་པར་དོ་ཕོག་བྱུང་། རྒྱ་ནག་གི་དྲག་པོའི་སྟོབས་ཤུགས་རྒྱ་སྐྱེད་གཏོང་ཐུབ་པའི་གོ་སྐབས་ཤིག་འཐོབ་རྒྱུ་རེད་ཅེས་བཀོད།།

གཟའ་ལྷག་པའི་ཉིན་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིའུ་ཡུན་ཅན་གྱིས་དབྱིན་ཇིའི་གྲོས་ཚོགས་ཀྱི་སྙན་ཐོ་དེར་སྙིང་ཐག་པ་ནས་དགའ་བསུ་ཡོད། རྒྱ་ནག་གིས་ཐེ་ཝན་ལ་འཇིགས་སྐུལ་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་སུ་མཉམ་ཞུགས་བྱེད་དུ་འཇུག་གི་མེད་པ་དང་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་ཞི་བདེ་བརྟན་ལྷིང་མེད་པར་གཏོང་གི་ཡོད་པ་ངོས་ཟིན་པར་དགའ་ཚོར་བྱུང་། དབྱིན་ཇིའི་གྲོས་ཚོགས་འཐུས་མི་ཨ་ལི་ཤ་ཀེརྣ་སི་དང་བྷོབ་ས་ཊེ་ཝར་ཊ་གཉིས་ནི་དབྱིན་ཇི་གྲོས་ཚོགས་ཀྱི་ཐེ་ཝན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ་རེད། ཉེ་ཆར་ཁོ་ཚོས་དབྱིན་ཇིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པ་ཞིག་གི་སྣེ་ཁྲིད་ནས་ཐེ་ཝན་ལ་ཕེབས་ཡོད། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་དབྱིན་ཡུལ་ལ་ཕྱོགས་གང་ཐད་དུ་འབྲེལ་བ་ཡར་རྒྱས་དང་ཕྱོགས་གཉིས་ཀྱི་ལེགས་ཚོགས་གོང་འཕེལ་གཏོང་བར་ཤུགས་སྣོན་རྒྱག་གི་ཡོད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། བདུན་ཕྲག་རེ་ཟུང་སྔོན་དེར་ཡུ་རོབ་རྒྱལ་ཁབ་འཇར་མན་ཎིས་རྒྱ་ནག་ལ་འཛིན་འཐབ་ཇུས་ཞེས་པའི་སྲིད་ཇུས་གཏན་འབེབས་ཀྱི་ཡིག་ཆ་ཞིག་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་ཐོན་འདུག

དབྱིན་ཇིའི་གྲོས་ཚོགས་ཀྱི་སྙན་ཐོ་དེར་ཤོག་གྲངས་༨༥་ཡོད་པ་དང་དེའི་ནང་དུ་ཐེ་ཝན་ཞེས་གླེང་སློང་བྱུང་བ་ཐེངས་༢༡༢་ཐོན། ཨ་རི་དང་ཉི་ཧོང་གིས་ཆེས་མཐོའི་འགོ་ཁྲིད་ཚོས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ཐད་གླེང་སློང་བྱེད་ཀྱི་ཡོད་ཀྱང་དབྱིན་གཞུང་གིས་ཐེ་ཝན་གྱི་བདེ་དོན་ལ་གླེང་སློང་ཤུགས་ཆེན་པོ་ཞིག་བྱེད་ཐུབ་ཀྱི་མེད་པ་ཐབས་རྡུགས་རེད་ཅེས་སྐྱོན་བརྗོད་བྱས་འདུག ཕྱི་ཟླ་༨་པའི་ཚེས་༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་གི་སྲིད་བློན་ཟུར་པ་ཏ་རོ་ཨ་སོ་ཉི་མ་༣་ལ་ཐེ་ཝན་དུ་འཚམས་འདྲིར་ཕེབས་ཏེ་ཐེ་ཝན་མཚོ་འགག་གི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་འབྱུང་འདུག གལ་སྲིད་ཐེ་ཝན་ལ་བཙན་འཛུལ་བྱུང་ན་ཨ་རི་དང་ཉི་ཧོང་། རྒྱལ་ཁབ་གཞན་ཁག་གིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུའི་རྣམ་འགྱུར་གསལ་པོ་སྟོན་དགོས། ངའི་སེམས་པར་ཨ་རི་དང་ཐེ་ཝན། ཉི་ཧོང་དང་ལྟ་གྲུབ་མཐུན་པའི་རྒྱལ་ཁབ་ཁག་གིས་བཙན་འགོག་འཐབ་ཇུས་ལག་བསྟར་ཐུབ་པ་ཞིག་གྲ་སྒྲིག་བྱ་དགོས་པའི་དུས་སུ་བབས་འདུག་ཅེས་གཏམ་བཤད་འདུག

རྒྱ་ནག་གིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་ཁེ་ཕན་སྤྲད། རྒྱལ་ཁབ་དེ་ཚོར་ཕྱི་འབྲེལ་ཐོག་ཏུ་གནོན་ཤུགས་སྤྲད་ནས་ཐེ་ཝན་ལ་འབྲེལ་བ་གཅོད་དུ་བཅུག ད་ལྟ་འཛམ་གླིང་ཡོངས་སུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༡༣་ལས་མེད་པ་དང་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ཞེས་མིང་ཡང་མཐོང་ཐོས་མེད་པར་ནག་སུབ་གཏོང་རྒྱུུའི་ཐབས་སུ་འབད། ཉི་ཧོང་གི་སྲིད་བློན་ཟུར་པ་ཏ་རོ་ཨ་སོས་ཐེ་ཝན་སྲུང་སྐྱོབ་དོན་དུ་འཐབ་ཇུས་གང་འདྲ་ཞིག་གྲ་སྒྲིག་བྱ་དགོས་མིན་གསལ་བཀྲོལ་མ་བྱུང་། ཁོང་གིས་ཉི་ཧོང་ནི་ཐེ་ཝན་གྱི་ཁྱིམ་མཚེས་ཡིན་པ་དང་རྒྱལ་ཁབ་གཞན་ཁག་གིས་ཀྱང་རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱ་དགོས་ཞེས་འབོད་སྐུལ་ཞུས། ༢༠༢༡་ལོར་ཏ་རོ་ཨ་སོས་ཉི་ཧོང་གི་སྲིད་བློན་གཞོན་པའི་ལས་ཁུར་བཞེས་པའི་དུས་སུ་ཐེ་ཝན་ལ་བཙན་འཛུལ་བྱུང་ན་ཉི་ཧོང་ལ་བདེ་འཇགས་མེད་པར་འགྱུར་ངེས་རེད། དེས་ན་ཨ་རི་དང་ཉི་ཧོང་གཉིས་མཉམ་འབྲེལ་གྱིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་དགོས་ཞེས་བཤད། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་སྐབས་དེར་ང་ཚོར་དམག་འཁྲུག་སློང་འདོད་མེད། ཡིན་ནའང་ཐེ་ཝན་གྱི་རྒྱལ་སྲུང་སྟོབས་ཤུགས་ཡར་རྒྱས་གཏོང་རྒྱུ་ཡིན་ཞེས་ཁས་ལེན་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG