ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༢༠

རྒྱལ་ཚོགས་ཀྱིས་བོད་མི་དགུ་རྩད་གཅོད་བྱེད་བཞིན་པ།


མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོས་བོད་མི་ཆབ་སྲིད་བཙོན་པ་དགུའི་སྐོར་ལ་རྩད་གཅོད་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་ལ། དེའི་ནང་དུ་རྒྱ་ནག་གཞུང་གིས་བོད་མི་བཙོན་པ་ཚོའི་གནས་སྟངས་གསང་བ་བྱེད་དེ་མི་རྣམས་ལ་བཙོན་པ་དེ་ཚོའི་སྐོར་དྲན་པ་བརྗེད་དུ་མཇུག་བཞིན་པ་རེད་ཅེས་གསལ་སྟོན་བྱས་པ་འདི་ནི་ཡིག་ཆ་འདིའི་ནང་གི་གནས་ཚུལ་གནད་འགག་ཅིག་རེད་ཅེས་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་གསུང་སོང་།

སྤྱི་ཟླ་༨་ཚེས་ཚེས་༡༠་ཉིན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། ཁོར་ཡུག་སྲུང་སྐྱོབ་བཅས་ལ་རྟོགས་དཔྱད་པ་དང་ཆེད་མཁས་པ་གསུམ་གྱིས་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་བོད་མི་དགུ་ལ་རྒྱ་ནག་གཞུང་གིས་ཉེས་འཛུགས་ཀྱིས་བཙོན་མཇུག་བྱེད་པ་དེ་ཚོའི་མཚན་བཏོན་ནས། བཙོན་པ་དེ་དག་གི་གནས་སྟངས་གསལ་བཤད་བྱེད་དགོས་པ་རྒྱ་ནག་གཞུང་ལ་ཁ་ཐུག་འདྲི་རྩད་ཀྱི་ཡི་གེ་ཕུལ་ཡོད་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ཚིགས་སུ་བསྒྲགས་གཏམ་ཞིག་བཀོད་སོང་ལ། བོད་མི་བཙོན་པ་དེ་ཚོར་བཙོན་ཁང་དུ་སྨན་བཅོས་རག་གི་ཡོད་མེད་དང་ནང་མི་ཚོར་ཐུག་རྒྱུའི་གོ་སྐབས་སྤྲོད་ཀྱིན་ཡོད་མེད་བཅས་ལ་ཐུགས་འཚབ་ཆེན་པོ་ཡོད་པ་བཀོད་འདུག

བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་ཆོས་སྐྱིད་ལགས།
བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་ཆོས་སྐྱིད་ལགས།

བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་བརྗོད་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་དང་དམིགས་བསལ་གནད་དོན་སྙན་སྒྲོན་པ་དེ་ཚོས་རྒྱ་ནག་གཞུང་ལ་ཁ་ཐུག་ཡི་གེ་ཕུལ་ཏེ་བོད་མི་ཆབ་སྲིད་བཙོན་པ་དགུ་ཡི་སྐོར་ལ་འདྲི་རྩད་བྱེད་པ་འདི་ཡིས་ཁ་ཐུག་གྲུབ་འབྲས་འདི་ཐོན་གི་རེད་ཅེས་བཤད་ཚོད་ཐེབས་ཀི་མེད་ཀྱང་། དེ་སྔོན་རྒྱ་ནག་གཞུང་གིས་འཛིན་བཟུང་རྗེས་གནས་ཚུལ་ཤེས་རྟོགས་མེད་པ་སྒོ་ཤེས་རབ་རྒྱ་མཚོ་ལྟ་བུའི་གནས་སྟངས་ཀྱང་རྒྱལ་ཚོགས་ཀྱིས་འདྲི་རྩད་ལ་བརྟེན་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་དཔེར་མཚོན་དུ་དྲངས་ནས་བོད་ཀྱི་ཆབ་སྲིད་བཙོན་པ་ཚོའི་གནས་སྟངས་ལ་དོ་སྣང་ཡོང་ཐབས་ཤིག་ཡིན་པ་གསུང་སོང་། ཡང་ད་བར་དུ་བོད་མི་དགུ་དེའི་སྐོར་ལ་གནས་ཚུལ་ཁ་གསལ་ཕྱི་བསྒྲགས་མི་བྱེད་པ་དང་གསང་བ་བྱེད་བཞིན་པ་ནི་རྒྱལ་སྤྱིའི་མི་མང་གིས་བོད་མི་དགུ་དྲན་པ་བརྗེད་དུ་མཇུག་རྒྱུའི་རྒྱ་ནག་འཐབ་ཇུས་ཤིག་ཡིན་པ་ཚོད་དཔག་བྱེད་བཞིན་ཡོད་ཅེས་ཡི་གེ་དེའི་ནང་དུ་ཁ་གསལ་བོས་བྲིས་འདུག་པ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་གསུང་སོང་།

ཡང་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་ད་ལྟ་ད་དུང་མུ་མཐུད་དུ་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་དང་བོད་མི་ཚོས་རང་ཉིད་གནས་སའི་གཞུང་དང་གྲོས་ཚོགས། ཚོགས་པ་ཁག་ལ་རྒྱལ་ཚོགས་ཀྱི་ཡི་གེ་དེ་དང་འབྲེལ་ནས་བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་དགུ་དེ་གཙོ་བྱེད་པའི་ཆབ་སྲིད་བཙོན་པ་ཚོའི་གནས་སྟངས་ཞུ་གཏུག་བྱེད་པའི་ཐབས་ལམ་འཚོལ་དགོས་པར་རེ་སྐུལ་གནང་སོང་།

རྒྱལ་ཚོགས་ཀྱི་ཆེད་མཁས་པས་ཐེངས་འདིར་རྩད་གཅོད་བྱེད་བཞིན་པའི་བོད་མི་ཆབ་སྲིད་དགུ་དེ་ཚོ་ནི་སྤྱི་ལོ་༢༠༡༠་ལོ་ནས་སྤྱི་ལོ་༢༠༡༩་ལོའི་བར་དུ་འཛིན་བཟུང་བྱས་པ་དང་། དེའི་རྗེས་ཁྲིམས་ཐག་ལྕི་མོ་བཅད་དེ་ད་ལྟ་བཙོན་ཁང་དུ་ཡོད་པ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་མཁན་ཨ་ཉ་སེང་སྒྲ་ལགས་དང་། དེ་ནས་འབྲི་རུ་ས་ཆའི་གཏེར་ཁ་སྔོགས་འདོན་མཚམས་འཇོག་ཡོང་བར་འབོད་སྐུལ་ཞུ་སྐབས་འཛིན་བཟུང་གིས་བཙོན་མཇུག་བྱེད་ཡོད་པ་སྐལ་བཟང་མཆོག་གླིང་་དང་རྡོ་རྗེ་འབྲུག་གྲ། དོན་རྒྱས། རིན་ཆེན་རྣམ་གྲོལ། ཚུལ་ཁྲིམས་མགོན་པོ། བྱང་ཆུབ་དངོས་གྲུབ། སོག་རུ་ཨ་བྷོ། རྣམ་སྲས་བཅས་ཡིན་པ་རེད།

XS
SM
MD
LG